Showing posts with label Songs and Poetry. Show all posts
Showing posts with label Songs and Poetry. Show all posts

Tuesday, April 19, 2016

གླུ་གཞས།



                                       ལོ་ངོ་༢༥ འཁོར་བའི་དུས་སྟོན་སློབ་གྲྭའི་བསྟོད་གླུ།


མཐོ་རིམ་སློབ་གྲྭའི་མཐོང་སྣང་།

༆རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་འདི།། ཤར་རི་དར་བརྒྱད་ལུང་པའི་སྲོག་ཤིང་ཨིན།།

  མཛེས་པའི་ཤིང་དང་མེ་ཏོག་རྭ་བས་བསྐོར།། གསུང་སྙན་དཀྱིལཝ་སི་གླུ་དབྱངས་འཁྲབ་སྟེ་ཡོད།།

  མཛེས་བྱ་འགྲན་ཟླ་མེད་པ་ལྷ་ཡུལ་བཟུམ།། ལུང་པར་དཀོན་པའི་མཐོ་རིམ་སློབ་གྲྭ་ཨིན།།
  
  
ཚེ་སྔོན་ཚོགས་བསགས་ལས་འཕྲོག་མ་རྫོགསཔ་ལས།། ཧིང་ལས་དམ་ཚིག་ཆེ་བའི་ཆ་རོགས་དང་།།

 ཐུགས་ལ་བྱམས་བརྩེ་ལྡན་པའི་སློབ་དཔོན་རྣམས།། མི་ཚེ་དོན་དག་བཟོ་བའི་མཐའ་དོན་ལུ།།

    ད་རིས་མཐོ་རིམ་སློབ་གྲྭ་འདི་ནང་འཛོམས།། ཤེས་ཡོན་སྣ་ཚོགསའི་སྦྲང་རྩི་ལེན་ཏེ་ཡོད།། 

 
  མཐར་ཐུག་མཁས་པ་སློབ་ཕྲུག་མཐར་ཕྱིན་མཛད།། འབྲས་བུ་ཞི་གཡོག་མཐོ་བའི་གོ་གནས་བཞེས།།

  རྒྱལ་ཁམས་དབུལ་ཕོངས་དཀའ་ངལ་སེལ་ཐབས་ལུ།། འཚོ་བ་སོ་ནམ་འཐོན་བསྐྱེད་གོང་འཕེལ་དང་།།

  སྒོ་ནོར་འཐོན་ཤུགས་ཡར་རྒྱས་བཏང་སྟེ་གིས།། མི་ནགཔ་ཉམ་ཆུང་དཀའ་ངལ་སེལ་བཞིན་ཡོད།།

 
  རང་བཞིན་གནས་སྟངས་འཛིན་སྐྱོང་འཐབ་ནི་འདི།། རྩ་ཁྲིམས་ཆེན་མོའི་ཐུགས་ཀྱི་དགོངས་དོན་ཨིན།།

  བག་ཕེབས་རི་དྲྭགས་སྲོག་ཆགས་སྲུང་སྐྱོབ་ཚུ།། གླིང་འཛིན་འགོ་དཔོན་ཚུ་གིས་འཐབ་སྟེ་ཡོད།།

  ཕྱུག་པའི་རང་བཞིན་ཧོན་མོར་གནོད་རྐྱེན་མེད་།། མི་སྡེ་དཔལ་འབྱོར་གོང་འཕེལ་རྒྱས་བཞིན་ཡོད་།།

 
  དེང་སང་འཛམ་གླིང་གོང་འཕེལ་མགྱོགས་དྲག་ལས་།། གནམ་གཤིས་འགྱུར་བའི་ཚ་དྲོད་འཇིགས་པ་འཐོན།།

  མི་སྡེ་རང་བཞིན་གནོད་པའི་རྐྱེན་ངན་འབྱུང་།། ཚེ་སྲོག་གནོད་པའི་ནད་གཞི་ཡར་འཕེལཝ་མས།། 

  དེ་ཚུ་དཀའ་ངལ་གདོང་ལེན་ཐབས་ནི་ལུ།། ཡུན་བརྟན་གོང་འཕེལ་སྦྱོང་བརྡར་བྱིན་ཏེ་ཡོད།།

 
   ས་གཤིས་འགྱུར་བའི་ཟློག་ཐབས་འགན་ཁུར་འདི།། སློབ་སྦྱོང་འབད་མི་ཕོ་མོའི་ཁས་བླངས་ཨིན།།

  ད་རིས་ལོང་སྤྱོད་འབད་མི་ཐུན་རྐྱེན་ཚུ།། མ་འོངས་བུ་གཞི་ཕན་ཐབས་བདག་འཛིན་འབད།།

  ཡུན་བརྟན་གོང་འཕེལ་དམིགས་དོན་བསྒྲུབས་ཏེ་གིས།། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འབྱུང་པར་ཤོག།

 
  རྟགས་དང་རྟེན་འབྲེལ་ལེགས་པ་སློབ་གྲྭ་ནང་།། མི་ལོ་ཉེར་ལྔའི་དུས་སྟོན་བརྩི་སྲུང་ཞུ།།

  ང་བཅས་ཕྱག་དང་མཆོད་པའི་སྨོན་ལམ་བཏབ།། མཐོ་རིམ་སློབ་གྲྭ་བསྐལ་བརྒྱའི་བར་དུ་གནས།།

  ཤེས་རིག་ཡོན་ཏན་གོང་དུ་འཕེལ་བར་ཤོག། དགའ་སྐྱིད་ཕུན་སུམ་ཉི་མ་ཤར་བར་ཤོག། །། 


བཟོད་གསོལ༔ གླུ་གཞས་རྩོམ་སྒྲིག་འབད་ནི་ནང་ ཐོས་བསམ་སྒོམ་གསུམ་སོགས་གང་ཡང་མེདཔ་ལས་ མཁས་པ་དགྱེས་པའི་ 

སྙན་ཚིག་དང་ སྡེབས་སྦྱོར་ཁུངས་གཏུགས་མེད་རུང་ ང་རང་གི་ཐོས་བསམ་དང་ཉམས་མྱོང་ཆུང་ཀུ་ལས་ ཟིན་བྲིས་འབད་འབདཝ་ཨིན།

འདི་ནང་ལུ་ བརྫོད་ཚིག་མ་དགཔ་ཡིག་སྡེབས་མ་སྒྲིག་པའི་ ནོར་འཁྲུལ་ལེ་ཤ་ཡོད་སྲིདཔ་ལས་ གཟིགས་མི་ཡོངས་ལུ་ 

ཐུགས་ཀྱི་བཟོད་པ་བཞེས་གནང་ཞུ།
                         
                         བཀའ་དྲིན་ཆེ།